Xưng Tán Đức Quan Thế Âm

༄༅། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།

།ན་མོ་མཉྫུཤྲཱི་ཡེ། །ན་མཿསུ་ཤྲཱི་ཡེ། །ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭ་ཧཱ།
ལན་གསུམ་གྱིས་ཕུལ།

།ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ།
།ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ།

༄༅། འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ།
།བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ།

།ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ།
།ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ།

༄༅། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ།
།མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་མངར་བར་བྱས་པ་པོ།

།སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ།
།ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམས་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།

༄༅། སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨའི་མཆོག་ལ་གནས་པ་པོ།
།ལྟེ་བའི་ངོས་ནི་པདྨའི་འདབས་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།

།སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།
།མཆོག་བརྙེས་བསོད་ནམས་མང་པོས་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ།

༄༅། གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ།
།གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ།

།ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ།
།ཚོགས་ཀུན་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ།༽

༄༅། གང་ཞིག་རྟག་ཏུ་ཐོ་རངས་ལང་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་།
།བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་།

།འཇིག་རྟེན་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་ཤོག

།སོགས་ཚར་ཉེར་གཅིག་གམ་བདུན་བརྗོད།